14 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། 15 གལ་སྲིད་མི་ཞིག་གིས་མ་ཤེས་པར་དཀོན་མཆོག་ཡ་ཝཱེའི་མཆོད་རྫས་དམ་པ་རྣམས་ཀྱི་སྟེང་དུ་སྡིག་པ་བྱས་ནས་ཉེས་པ་བསགས་ན། ལུག་ཁྱུ་ལས་སྐྱོན་མེད་པའི་ལུག་ཐུག་ཅིག་དཀོན་མཆོག་ཡ་ཝཱེ་ལ་ཉེས་སེལ་མཆོད་པ་རུ་འབུལ་བའམ། ཡང་ན་གནས་མཆོག་གི་སྲང་ལྟར་དངུལ་སྲང་གི་ཚོད་རྩིས་བྱས་པའི་རིན་འབབ་བཞིན་དུ་ཉེས་སེལ་མཆོད་པར་འབུལ་དགོས། 16 ཁོས་མཆོད་རྫས་དམ་པའི་ཐད་ནོར་འཛོལ་གང་ཞིག་བཟོས་པར་སྐྱིན་ཚབ་འཇལ་ཆེད་དང་། དེའི་ཁར་ལྔ་ཆ་གཅིག་བསྣན་ཏེ་མཆོད་དཔོན་ལ་སྤྲོད་པ་དང་། མཆོད་དཔོན་གྱིས་ཉེས་པ་སེལ་བྱེད་ལུག་ཐུག་གིས་ཁོའི་སྡིག་པ་བཤག་པར་བྱ་ཞིང་། ཁོ་ལ་སྡིག་སེལ་འཐོབ་པར་འགྱུར་རོ། ། 17 གལ་སྲིད་མི་ཞིག་གིས་དོན་གང་རུང་གི་སྟེང་དུ་སྡིག་པ་བྱས་ཤིང་། དཀོན་མཆོག་ཡ་ཝཱེས་གསུངས་པའི་བཀའ་རྣམས་ལས་གཅིག་ལ་འགལ་ན། ཁོས་མ་ཤེས་ནའང་ཉེས་པ་རུ་བརྩི་ཞིང་རང་གི་ཆད་པ་འཁུར་དགོས་པ་ཡིན། 18 ཁོས་ལུག་ཁྱུ་ལས་ལུག་ཐུག་སྐྱོན་མེད་པ་ཞིག་འཁྲིད་ཡོང་བའམ། ཡང་ན་ཁྱོད་ཀྱིས་ཚོད་རྩིས་བྱས་པའི་རིན་འབབ་བཞིན། ཉེས་སེལ་མཆོད་པ་རུ་མཆོད་དཔོན་ལ་འབུལ་བ་དང་། མཆོད་དཔོན་གྱིས་ཁོའི་མ་ཤེས་མ་བསམ་ས་ནས་བྱས་པའི་སྡིག་པ་བཤག་པར་བྱ་ཞིང་། དེ་ལ་སྡིག་སེལ་འཐོབ་པར་འགྱུར་རོ། ། 19 དེ་ནི་ཉེས་སེལ་མཆོད་པ་ཡིན་ཏེ། ཁོས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་དངོས་སུ་ཉེས་པ་བཟོས་པའི་ཕྱིར་རོ་ཞེས་བཀའ་བསྩལ་ཏོ། །
<- ལེ་ཝིའི་ཚུལ་ཁྲིམས། 4ལེ་ཝིའི་ཚུལ་ཁྲིམས། 6 ->